༄༅།། སྲིད་འཛིན་ཌོ་ནལ་ཊམ་གྱིས་གྷ་ཛའི་པ་ལི་སི་ཐན་བ་ཚོ་ཨ་ཧྥི་རི་ཀའི་རྒྱལ་ཁབ་མོ་རོ་ཀོ་དང་སོ་མ་ལི་ཡའི་མངའ་ཁོངས་སུ་གཏོགས་པའི་སོ་མ་ལིའི་ཡུལ་དང་པན་ཊིའི་ཡུལ་བཅས་ཀྱིས་ལེན་དགོས་ཞེས་གྲོས་གཞི་གསར་པ་ཞིག་བཏོན། ཕྱི་ཟླ་༢་པའི་ཚེས་༦་ཉིན་ཨ་རབ་གསར་པ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཐོག་མར་སྲིད་འཛིན་ཊམ་གྱིས་དཀྱིལ་ཤར་ས་ཁུལ་གྱི་རྒྱལ་ཁབ་འཇོར་ཌན་དང་ཨི་ཇེབ་གཉིས་ལ་གྷ་ཛའི་པ་ལི་སི་ཐན་བ་ཚོ་ལེན་དགོས། ཨ་མི་རི་ཀས་གྷ་ཛ་ཐང་གཤོངས་ལ་བདག་པོ་བརྒྱབ་ནས་དཀྱིལ་ཤར་ས་ཁུལ་དུ་འཛམ་གླིང་གི་མཚོ་ཁའི་སྤྲོ་གསེང་ས་ཁུལ་ཨང་དང་པོའི་གྲས་ཤིག་འཛུགས་སྐྲུན་བྱེད་ཆོག ས་གནས་དེའི་དཔལ་འབྱོར་དང་ཚོང་ལས་འཕེལ་རྒྱས། མི་སྟོང་ཕྲག་མང་པོར་ལས་ཀ་བཀོད་སྒྲིག་བྱེད་ཐུབ་ཅེས་གཟའ་འཁོར་འདིར་ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུ་དང་ལྷན་དུ་ཕོ་བྲང་དཀར་པོར་གསར་འགོད་ལྷན་ཚོགས་བསྐོངས་པའི་སྐབས་སུ་གསལ་བསྒྲགས་སྤེལ། ཌོ་ནལ་ཊམ་གྱི་གྲོས་གཞི་དེ་ཨི་སི་རལ་གྱི་སྲིད་བློན་ནེ་ཐན་ཡ་ཧུ་ལ་རྨ་བྱའི་རྣ་བར་འབྲུག་སྒྲ་ལྟར་དུ་གྱུར།།
ཌོ་ནལ་ཊམ་དང་ནེ་ཐན་ཡ་ཧུའི་གསར་འགོད་ལྷན་ཚོགས།
འཇོར་ཌན་དང་ཨི་ཇེབ་གཉིས་ཀྱིས་གྷ་ཛའི་པ་ལི་སི་ཐན་བ་ཚོ་ལེན་རྒྱུར་མོས་མཐུན་མ་བྱས་པའི་རྗེས་སུ་ཌོ་ནལ་ཊམ་གྱིས་མོ་རོ་ཀོ་དང་སོ་མ་ལ་ཡའི་རང་སྐྱོང་ས་ཁུལ་གཉིས་ཏེ། སོ་མ་ལིའི་ཡུལ་དང་པན་ཊའི་ཡུལ་གཉིས་ལ་གྷ་ཛའི་པ་ལི་སི་ཐན་བ་ཚོ་ལེན་དགོས། མོ་རོ་ཀོའི་གཞུང་གིས་གྷ་ཛའི་པ་ལི་སི་ཐན་བ་ཚོ་བླངས་ན་ནུབ་ས་ཧ་ར་བྱེ་ཐང་ཆེན་མོའི་བདག་དབང་མོ་རོ་ཀོར་ཡོད་པ་ཨ་རིས་མུ་མཐུད་དུ་ངོས་ལེན་བྱེད་ཆོག དེ་བཞིན་སོ་མ་ལི་ཡའི་མངའ་ཁོངས་ཀྱི་སོ་མ་ལིའི་ཡུལ་དང་པན་ཊའི་ཡུལ་གཉིས་ཀྱིས་རང་བཙན་འཐབ་རྩོད་བྱེད་ཀྱི་ཡོད་པས་ཨ་རི་གཙོས་རྒྱལ་སྤྱིའི་ཐོག་ཏུ་ས་ཁུལ་དེ་དག་གི་རང་བཙན་ངོས་ལེན་བྱ་རྒྱུའི་བསམ་ཞིབ་བྱེད་ཆོག་ཅེས་གྲོས་གཞི་བཏོན། ༡༩༩༡་ལོར་སོ་མ་ལི་ཡས་རང་བཙན་གསལ་བསྒྲགས་བྱས་ཀྱང་རྒྱལ་ཁབ་ཁག་གི་གཞུང་འབྲེལ་གྱི་ངོས་ལེན་མ་ཐོབ། སྔ་ལོ་ཌོ་ནལ་ཊམ་བསྐྱར་དུ་འདེམས་ཐོན་བྱུང་བས་སོ་མ་ལི་ཡའི་མི་དམངས་ཀྱིས་ཨ་རིའི་སྤྱི་མཐུན་ཚོགས་པའི་གཞུང་དེས་སོ་མ་ལི་ཡའི་རང་བཙན་ངོས་ལེན་བྱ་རྒྱུའི་རེ་ལྟོས་བཅངས་ཡོད་པའི་གསར་འགྱུར་ཐོན་འདུག
སོ་མ་ལིའི་ཡུལ་དང་པན་ཊའི་ཡུལ་གྱི་ས་ཁྲ།
ཁ་སྔོན་ཕྱི་ཟླ་༡༢་པའི་ནང་སོ་མ་ལི་ཡར་བཅའ་སྡོད་ཨ་རིའི་གཞུང་ཚབ་པ་རི་ཆར་ཌི་རི་ལེ་(Richard H. Riley)་སྲིད་འཛིན་ཨབ་རྡུལ་ལཱ་ཧིའི་ལས་ཁུར་དམ་འབུལ་གྱི་མཛད་སྒོར་ཞུགས་པའི་སྐབས་དེར་སོ་མ་ལིའི་ཡུལ་ནི་ཨ་ཧྥི་རི་ཀའི་གླིང་གི་དམངས་གཙོ་ལག་བསྟར་གྱི་མིག་དཔེར་འོས་པའི་ས་ཁུལ་ཞིག་རེད་ཅེས་བསྔགས་བརྗོད་ཞུས། དབྱིན་ཇིའི་རྒྱལ་སྲུང་དྲུང་ཆེ་ཟུར་པས་ཀྱང་ཌོ་ནལ་ཊམ་གྱིས་གཞུང་འབྲེལ་ཐོག་ཏུ་སོ་མ་ལིའི་ཡུལ་རང་བཙན་རྒྱལ་ཁབ་ཅིག་ཡིན་པའི་ངོས་འཛིན་བྱ་འཆར་འདུག་ཅེས་བཤད་ཡོད་ཅིང་། ཨ་རི་དང་མོ་རོ་ཀོ་གཉིས་ལ་འབྲེལ་བ་བཟང་པོ་ཡོད་པ་དང་༢༠༢༠་ལོར་མོ་རོ་ཀོའི་གཞུང་གིས་ཨི་སི་རལ་ལ་ཕྱི་འབྲེལ་བཙུགས། ལོ་དེར་ཌོ་ནལ་ཊམ་གྱིས་མོ་རོ་ཀོར་ནུབ་ས་ཧ་ར་བྱེ་ཐང་ཆེན་མོའི་བདག་ཡོད་ཅེས་ཁས་བླངས། མོ་རོ་ཀོ་དང་ཨལ་ཇཱི་རི་ཡ་གཉིས་ཀྱིས་ལོ་བཅུ་ཕྲག་མང་པོར་ནུབ་ས་ཧ་ར་བྱེ་ཐང་ཆེན་མོའི་བདག་དབང་བརྩད། གྷ་ཛའི་དམག་འཁྲུག་རྗེས་སུ་མོ་རོ་ཀོའི་མི་དམངས་ཀྱིས་པ་ལི་སི་ཐན་བ་ཚོར་རྒྱབ་སྐྱོར་བྱ་རྒྱུ་ཤུགས་ཆེ་རུ་སོང་།།
ཕྱི་ཟླ་༢་པའི་ཚེས་༥་ཉིན་མཉམ་འབྲེལ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། པ་ལི་སི་ཐན་བ་ཚོས་ང་ཚོ་གྷ་ཛ་ནས་ས་གནས་གཞན་དུ་སྤོ་རྒྱུ་མིན། གྷ་ཛ་ནི་ང་ཚོའི་ལྟེ་ཁྲག་འཕོས་ས་ཡིན་པ་དང་ཨ་མི་རི་ཀས་གྷ་ཛ་བླངས་ཏེ་མཚོ་ཁའི་རྒྱས་སྤྲོས་ཀྱི་སྤྲོ་གསེང་ས་ཁུལ་ཞིག་ཏུ་བསྒྱུར་མི་དགོས། ང་ཚོས་རྩྭ་ཁང་ཕུབ་དགོས་ཀྱང་ང་ཚོ་རང་གི་གྷ་ཛ་བསྐྱར་དུ་འཛུགས་སྐྲུན་བྱ་རྒྱུ་ཡིན་ཞེས་ཌོ་ནལ་ཊམ་གྱི་གྲོས་གཞི་དེར་དགག་པ་བརྒྱབ། ས་དབྱི་ད་ཨ་བྷུ་ཨེ་ལ་ཤ་ཟེར་བའི་པ་ལི་སི་ཐན་བ་ཞིག་གིས་ང་ཚོ་ཌོ་ནལ་ཊམ་གྱིས་མཐར་སྐྲོད་གཏོང་ཐུབ་ཀྱི་མ་རེད། པ་ལི་སི་ཐན་བ་ཚོ་རང་གི་ས་ཐོག་ནས་མཐར་སྐྲོད་གཏོང་རྒྱུའི་བསམ་བློ་དང་འཆར་གཞི་སོགས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ཅེས་གསར་འགོད་པའི་དྲི་བར་ལན་བཏབ། མཉམ་འབྲེལ་རྒྱལ་ཚོགས་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་ཁག ཡུ་རོབ་རྒྱལ་ཁབ་ཁག་དང་ཨ་རབ་ཡུལ་གྲུ་མཉམ་འབྲེལ་མཐུན་ཚོགས། ཨ་རིའི་མཐུན་གྲོགས་རྒྱལ་ཁབ་ཁག་གིས་པ་ལི་སི་ཐན་བ་ཚོ་གྷ་ཛ་ནས་བཙན་གྱིས་གནས་སྤོ་བྱེད་དུ་བཅུག་ན་མི་རིགས་གཙང་སེལ་རེད་ཅེས་ངོ་རྒོལ་བྱས་འདུག
༡༩༤༨་ལོར་པ་ལི་སི་ཐན་བ་ཚོར་རང་ཁྱིམ་ནས་མཐར་སྐྲོད།
༡༩༤༨་ལོར་ཨི་སི་རལ་གསར་དུ་བཙུགས། པ་ལི་སི་ཐན་བ་ས་ཡ་མང་པོ་རང་ཁྱིམ་ནས་བསྐྲད། ཨ་བྷུ་ཨེ་ལ་ཤཱ་ཟེར་བ་ཞིག་གིས་ང་ཚོའི་ཕ་མེས་རྣམས་རང་ཁྱིམ་ནས་བསྐྲད་པ་རེད། ང་ཚོའི་མི་རབས་གོང་མ་ཚོར་བྱུང་བའི་ཆག་སྒོ་དེ་བསྐྱར་ཟློས་བྱེད་དུ་འཇུག་ཐབས་མེད། ལོ་༧༧་གྱི་སྔོན་དེར་ངའི་ཕ་མེས་རྣམས་ཨི་སི་རལ་གྱིས་ཧོ་ཇཱ་གྲོང་ཚོ་ནས་བསྐྲད་པ་རེད། ང་ཚོ་གྷ་ཛ་ཡོང་ནས་ཇཱ་བྷ་ལི་ཡ་གཞིས་སྒར་དུ་ཁྱིམ་གཞིས་གསར་དུ་ཆགས་པ་ཡིན། སྔ་ལོ་ཨི་སི་རལ་གྱིས་རྒོལ་རྡུང་བྱས་ནས་གྷ་ཛའི་ཁང་པ་རྣམས་ལེབ་ལེབ་ཏུ་བཏང་མོད། ཡིན་ནའང་ང་ཚོ་རང་ཡུལ་ནས་ས་ཆ་གཞན་དུ་སྤོ་རྒྱུ་མིན་ཞེས་ལངས་ཕྱོགས་མཁྲེགས་པོ་བཟུང་། ལོ་ན་༨༠་ཐམ་པར་སོན་པའི་མུ་སི་ཏབ་ཨལ་གྷ་ཛ་བ་ཞེས་པའི་རྒད་པོ་ཞིག་གིས་༡༩༤༨་ལོར་ང་ལོ་༥་ཡིན་པའི་སྐབས་དེར་ངེད་ཚང་གི་བཟའ་མི་རྣམས་ཡབ་ནཱེ་གྲོང་རྡལ་ནས་ཕྱིར་ཕུད་བྱས་པ་རེད། ད་ལྟ་ཡབ་ནཱེ་གྲོང་རྡལ་ནི་ཨི་སི་རལ་གྱི་དབུས་སུ་ཁེལ་ཡོད་པ་དང་ང་ཚོ་ས་གནས་གཞན་དུ་སྤོ་རྒྱུ་མིན། ང་ཚོས་སྒུར་ཕུབ་ནས་འདུག་དགོས་ཀྱང་གྷ་ཛའི་ས་རྡོའི་འོག་ཏུ་འཆི་རྒྱུ་ཡིན་ཞེས་བཤད་འདུག
ཕྱི་ཟླ་༢་པའི་ཚེས་༦་ཉིན་ཨི་སི་རལ་གྱི་དུས་བབ་ཚགས་པར་ལ་གནས་ཚུལ་ཐོན་པ་ལྟར་ན། སྲིད་བློན་ནེ་ཐན་ཡ་ཧུས་སྲིད་འཛིན་ཊམ་གྱི་གྲོས་གཞི་དེར་རྒྱུ་མཚན་མེད་པ་ག་ལ་ཡིན། ད་ལྟ་གྷ་ཛ་ཐང་གཤོངས་སུ་པ་ལི་སི་ཐན་བ་ཚོ་འཚོ་གནས་མི་ཐུབ་པ་དང་འཛུགས་སྐྲུན་ལེགས་འགྲུབ་བྱུང་བའི་རྗེས་སུ་ཕྱིར་ལོག་བྱེད་ཆོག་གི་རེད། གྷ་ཛ་བ་ཚོ་གནས་སྐབས་རིང་ས་གནས་གཞན་དུ་སྤོ་དགོས་ཞེས་ནན་སྐུལ་བརྙན་ཐུང་ཞིག་བཀྲམ། ཕོ་བྲང་དཀར་པོའི་མགྲིན་ཚབ་པས་ཨ་མི་རི་ཀས་དམག་བཏང་ནས་གྷ་ཛ་ལེན་རྩིས་མེད། སྲིད་འཛིན་ཊམ་གྱིས་པ་ལི་སི་ཐན་བ་ཚོའི་དཀའ་ངལ་ལ་བལྟས་ནས་གནས་སྐབས་རིང་ས་གནས་གཞན་དུ་སྤོ་དགོས་པའི་གྲོས་གཞི་བཏོན་པ་རེད་ཅེས་བཀྲལ། དེ་བཞིན་ཕྱི་སྲིད་དྲུང་ཆེ་མར་ཀོ་རུ་བྷི་ཡོས་གྷ་ཛ་བསྐྱར་དུ་འཛུགས་སྐྲུན་བྱེད་པར་རྒྱལ་ཁབ་ཚང་མས་རོགས་སྐྱོར་བྱ་དགོས། ད་ལྟའི་གནས་སྟངས་འོག་ཏུ་པ་ལི་སི་ཐན་བ་ཚོ་གྷ་ཛ་ཐང་གཤོངས་སུ་འཚོ་གནས་མི་ཐུབ་པ་ཤེས་གསལ་རེད་ཅེས་བཤད།།
ཁེ་ལིན་ཊོན་དང་ར་བྷིན། ཨ་ར་ཧྥ་ཐེ་དང་རྒྱལ་པོ་ཧུ་སེན། མུ་བྷ་རག་བཅས་ཕོ་བྲང་དཀར་པོར་ལྷན་འཛོམས་ཀྱི་འདྲ་པར།
འདས་པའི་ལོ་བཅུ་ཕྲག་མང་པོར་ཨ་མི་རི་ཀས་ཨི་སི་རལ་དང་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་གཉིས་ཞི་བདེ་མཉམ་གནས་བྱ་དགོས། གྷ་ཛ་ཐང་གཤོངས་དང་ནུབ་འགྲམ་གཉིས་སུ་པ་ལི་སི་ཐན་གྱི་རྒྱལ་ཁབ་ཅིག་འཛུགས་རྒྱུ་དང་ཨི་སི་རལ་ལ་བདེ་འཇགས་ཡོད་པ། ཨི་སི་རལ་གྱིས་པ་ལི་སི་ཐན་བ་ཚོ་རང་ཁྱིམ་ནས་བཙན་ཤེད་ཀྱིས་ཕྱིར་ཕུད་བྱེད་མི་ཆོག་ཅེས་སྲིད་ཇུས་ཤིག་བཟུང་། ད་ལྟ་སྲིད་འཛིན་ཊམ་གྱིས་པ་ལི་སི་ཐན་བ་ཚོ་གྷ་ཛ་ནས་ས་གནས་གཞན་དུ་སྤོ་དགོས་པའི་གྲོས་གཞི་བཏོན་པ་ནི་ཨ་མི་རི་ཀས་ལོ་བཅུ་ཕྲག་མང་པོར་རྒྱལ་ཁབ་གཉིས་ཀྱིས་སྲིད་ཇུས་ཤིག་རྒྱུན་འཁྱོངས་བྱས་པར་ཡོངས་སུ་འགལ། ཌོ་ནལ་ཊམ་གྱི་ལས་དུས་སྔོན་མར་ཨི་སི་རལ་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་ཊེ་ལི་ཝིའུ་གྲོང་ཁྱེར་ནས་ཇཱེ་རུ་ས་ལམ་གྲོང་ཁྱེར་དུ་སྤོས། ཨི་སི་རལ་དང་པ་ལི་སི་ཐན་གཉིས་ཀྱི་རྩོད་གཞིར་གྱུར་པའི་ཇཱེ་རུ་ས་ལམ་གྲོང་ཁྱེར་དེ་ཉིད་ཨི་སི་རལ་གྱི་རྒྱལ་སར་ངོས་འཛིན་བྱས་ནས་འཇིའུ་མི་རིགས་མཐའ་ལྷུང་རིང་ལུགས་པ་ཚོའི་མངོན་འདོད་བསྒྲུབས།།
ཨི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་ཁ་ཛི།
ཕྱི་ཟླ་༢་པའི་ཚེས་༧་ཉིན་ཧྥ་རན་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨི་སི་རལ་གྱི་རྒྱལ་སྲུང་བློན་ཆེན་ཁ་ཛེས་(Katz)་པ་ལི་སི་ཐན་བ་སུ་ཞིག་གྷ་ཛ་ནས་ཕྱི་ལ་བསྐྱོད་འདོད་ཡོད་ཀྱང་འགོག་རྒྱུ་མིན། ངས་ཨི་སི་རལ་གྱི་དམག་ལ་པ་ལི་སི་ཐན་བ་ཚོ་གྷ་ཛ་ནས་དང་བླངས་ཐོག་ཏུ་ཕྱི་ལ་བསྐྱོད་རྒྱུ་དེར་རོགས་སྐྱོར་བྱ་དགོས་པའི་བཀོད་ཁྱབ་བཏང་ཡོད། པ་ལི་སི་ཐན་བ་ཚོ་གང་དུ་བསྐྱོད་འདོད་ཡོད་པ་དང་རྒྱལ་ཁབ་གང་གིས་ལེན་ན་དེར་སོང་ཆོག སྲིད་འཛིན་ཊམ་གྱི་འཆར་གཞི་དེས་གྷ་ཛ་བ་ཚོ་ཕྱི་ལ་བསྐྱོད་པའི་གོ་སྐབས་ཤིག་བསྐྲུན་པ་རེད། གྲོས་གཞི་དེ་གྷ་ཛ་ཐང་གཤོངས་སུ་དམག་གི་སྟོབས་ཤུགས་མེད་པའི་ས་ཁུལ་ཞིག་འཛུགས་སྐྲུན་བྱེད་པའི་མཐུན་རྐྱེན་དུ་འགྱུར་ཤས་ཆེ་ཟེར། ཨི་སི་རལ་གྱི་གཡས་ཐལ་ཆེ་བའི་ནོར་སྲིད་བློན་ཆེན་གྱིས་པ་ལི་སི་ཐན་རང་བཙན་རྒྱལ་ཁབ་ཟེར་བ་ཞིག་ནམ་ཡང་གསར་འཛུགས་བྱེད་དུ་འཇུག་རྒྱུ་མིན། རྒྱལ་སྲུང་བློན་ཆེན་གྱིས་པ་ལི་སི་ཐན་བ་ཚོ་གྷ་ཛ་ནས་ཕྱི་ལ་བསྐྱོད་ན་དགག་བྱ་མེད་ཟེར་བའི་ཐག་གཅོད་ལ་རྒྱབ་སྐྱོར་ཡོད་ཅེས་བཤད་འདུག