ཀུན་གླེང་། ༢༠༢༣ ལོའི་ཟླ་༦ ཚེས་༡༦

Your browser doesn’t support HTML5

ཨ་རིའི་རླུང་འཕྲིན་ཁང་གི་ཀུན་གླེང་གསར་འགྱུར་ནང་༧གོང་ས་མཆོག་གིས་རྒྱ་གར་གྱི་སློབ་ཕྲུག་ཁག་ཅིག་ལ་མཇལ་ཁ་གནང་བ་དང་། ཨ་རིའི་ཕྱི་སྲིད་དྲུང་ཆེའི་རྒྱ་ནག་གི་འཚམས་གཟིགས། བོད་དུ་གློག་ཁང་སོགས་ཀྱི་ཆེད་ས་ཞིང་བཙན་འཕྲོག་བྱེད་བཞིན་པ། ནུབ་ཆིངས་སྒྲིག་འཛུགས་ཀྱི་རྒྱལ་སྲུང་ཚོགས་ཆེན། རྒྱ་གར་གྱི་སྲིད་བློན་གྱིས་ཨ་རིར་འཚམས་གཟིགས་གནང་འཆར་སོགས་ཡོད། དེ་རིང་གི་དྲ་སྣང་གི་བོད་དུ་གཏམ་བརྗོད་ཟློས་གར་༼དཀྱིལ་འཁོར་དང་མེ་ལོང་༽། བོད་ཕྲུག་ཚོ་ཆོས་ལུགས་བྱེད་སྒོར་ཞུགས་མི་ཆོག་པའི་བརྡ་ཁྱབ། གློག་བརྙན་གསར་བ་༼ངའི་ངོ་བོ་༽ཞེས་པ་བཅས་ཡོད། ཐེངས་འདིའི་ཆབ་སྲིད་བཙོན་པ་ངོ་སྤྲོད་ཀྱི་ལེ་ཚན་ནང་བོད་ཀྱི་ཆབ་སྲིད་བཙོན་ཟུར་འཕགས་མཆོག་མགོན་པོའམ་ཡོངས་གྲགས་སུ་ཨ་ཕོ་དགའ་དགའ་ཞེས་བོད་པ་ཁོང་ངོ་སྤྲོད་ཀྱི་ཚན་པ་དང་པོ་བཀོད་སྒྲིག་བྱས་ཡོད། ཀུན་གླེང་ལས་རིམ་དུ་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆལ་སི་སློབ་གྲྭ་ཆེན་མོའི་བོད་ཡིག་སྡེ་ཚན་གྱི་སློབ་དཔོན་གཞོན་པ་དོལ་པོ་བ་དགེ་བཤེས་ཆོས་འཁོར་ཚང་དང་བལ་ཡུལ་ནས་བོད་ཀྱི་སྒྱུ་རྩལ་བ་རྣམ་སྲས་གླིང་བློ་བསྟན་གཉིས་གདན་འདྲེན་ཞུས་ཏེ། དོལ་པོའི་ས་ཁུལ་དུ་བོད་ཀྱི་ཆོས་རིག་དར་ཁྱབ་སོགས་ཀྱི་གནས་སྟངས་ཐད་བགྲོ་གླེང་ཞུ་རྒྱུ་ཡིན།