ངོ་འཕྲད་བདེ་བའི་དྲ་འབྲེལ།

གཟའ་ཟླ་བ། ༢༠༢༥/༠༥/༠༥

ཨ་རིའི་རྒྱལ་སྲུང་དྲུང་ཆེས་ཨ་མི་རི་ཀས་མཐུན་གྲོགས་ཚོ་འདོར་གྱི་མེད་ཟེར།


ནུབ་ཆིངས་ཀྱི་ཚོགས་འདུ།
ནུབ་ཆིངས་ཀྱི་ཚོགས་འདུ།

༄༅།། ཕྱི་ཟླ་༢་པའི་ཚེས་༡༡་ཉིན་ཨ་རིའི་རླུང་འཕྲིན་ཁང་གི་གསར་འགྱུར་སྤེལ་བ་ལྟར་ན། རྒྱལ་སྲུང་དྲུང་ཆེ་ཧེ་གྷ་སེ་ཐེས་(Hegseth)་ཨ་མི་རི་ཀས་རང་གི་མཐུན་གྲོགས་རྣམས་འདོར་གྱི་མེད། ང་ཚོས་འཁྲུག་རྩོད་འགོག་པར་ཨ་རིའི་དམག་གི་སྟོབས་ཤུགས་གང་དུ་བཀོལ་དགོས་མིན་བསྐྱར་ཞིབ་བྱེད་ཀྱི་ཡོད། ཨ་རིས་རང་གི་མཐུན་གྲོགས་རྣམས་འདོར་བའམ། ཡང་ན་ཨ་རི་ནུབ་ཆིངས་སོགས་ནས་ཕྱིར་འཐེན་བྱེད་ཀྱི་འདུག་བསམས་ན་ནོར་འཁྲུལ་རེད། ཨ་རིའི་དམག་གི་སྟོབས་ཤུགས་འཛམ་གླིང་ཡོངས་སུ་ཁྱབ་དགོས་པ་ཞིག་མ་རེད་ཅེས་གཟའ་མིག་དམར་ཉིན་འཇར་མན་ཎིར་ཆགས་ཡོད་པའི་ཨ་རིའི་དམག་སྒར་དུ་གསར་འགོད་པ་ཚོར་དེ་ལྟར་བཤད། ད་ཐེངས་ཀྱི་ཕྱོགས་སྐྱོད་དེ་ཟླ་བ་སྔོན་མར་རྒྱལ་སྲུང་དྲུང་ཆེས་ལས་ཁུར་བཞེས་པའི་རྗེས་སུ་ཧེ་གྷ་སེ་ཐེ་ཕྱི་རྒྱལ་དུ་བསྐྱོད་པ་ཐེངས་དང་པོ་ཡིན་ཞིང་། འཇར་མན་ཎིའི་སི་ཊར་གྷར་ཊི་དམག་སྒར་ནི་ཡུ་རོབ་དང་ཨ་ཧྥི་རི་ཀར་འགྲེམ་འཇོག་བྱས་ཡོད་པའི་ཨ་རིའི་དམག་དཔུང་སྤྱི་ཁྱབ་བཀོད་འདོམས་ཡིན་པའི་གནས་ཚུལ་ཐོན་འདུག

རྒྱལ་སྲུང་དྲུང་ཆེ་ཧེ་གྷ་སི་ཐེས་སྲིད་འཛིན་ཌོ་ནལ་ཊམ་གྱིས་ཨ་རིའི་དམག་གི་སྟོབས་ཤུགས་གང་དུ་བཀོལ་དགོས་མིན་བསྐྱར་ཞིབ་བྱེད་བཞིན་པ་ནི་ཨ་མི་རི་ཀ་ཕྱིར་འཐེན་བྱེད་ཀྱི་ཡོད་པའི་གོ་དོན་མིན། འཛམ་གླིང་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་དེ་ལ་གོ་བ་ལོག་སྒྲུབ་བྱེད་ཀྱི་འདུག ཡུ་རོབ་གླིང་ལ་བཙན་འཛུལ་མེད་པར་རང་དབང་དུ་གནས་ཆོག་པའི་འོས་བབ་ཡོད། ཡིན་ནའང་ཡུ་རོབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་ཁུར་ཡུ་རོབ་རྒྱལ་ཁབ་ཁག་གིས་འཁུར་དགོས། ཁྱེད་ཚོས་རང་གི་མངའ་ཁུལ་ལ་སྲུང་སྐྱོབ་བྱས་ན་ཨ་མི་རི་ཀ་དཔུང་གྲོགས་སུ་ཡོང་གི་རེད། སྲིད་འཛིན་ཊམ་ནས་ཡུཀ་རེན་གྱི་དམག་འཁྲུག་མྱུར་དུ་མཇུག་བསྒྲིལ་ཐུབ་ན་ཨ་མི་རི་ཀའི་སྟོབས་འབྱོར་རྒྱ་ནག་ལ་ཁ་གཏད་གཅོག་རྒྱུར་བཀོལ་ཆོག་པའི་དགོངས་པ་བཞེས་ཡོད་པ་རེད། རྒྱ་ནག་ནི་རྒྱ་གར་ནས་ཞི་བདེ་རྒྱ་མཚོའི་བར་གྱི་ཞི་བདེ་བརྟན་ལྷིང་ལ་ཉེན་ཁ་ཞིག་རེད་ཅེས་ནན་གྱིས་བརྗོད།།

ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཧེ་གྷ་སེ་ཐེ།
ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཧེ་གྷ་སེ་ཐེ།

དེ་རིང་གཟའ་ལྷག་པ་དང་སང་ཉིན་གཟའ་ཕུར་བུ་གཉིས་ལ་བྷེལ་ཇམ་གྱི་རྒྱལ་ས་བྷ་ར་སིལ་དུ་ཆགས་ཡོད་པའི་ནུབ་ཆིངས་ཀྱི་སྤྱི་ཁྱབ་བཀོད་འདོམས་ཁང་དུ་ཨ་རིའི་རྒྱལ་སྲུང་དྲུང་ཆེ་ཧེ་གྷ་སེ་ཐེས་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་རྒྱལ་སྲུང་བློན་ཆེན་རྣམས་དང་། དེ་བཞིན་ཡུཀ་རེན་གྱི་རྒྱབ་སྐྱོར་བ་རྒྱལ་ཁབ་༥༠་ཐམ་པའི་རྒྱལ་སྲུང་བློན་ཆེན་ཚོར་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་ཅིང་། ཨ་རིའི་རྒྱལ་སྲུང་ལྷན་ཁང་གི་ལས་སྣེ་ཚོས་ཕི་ཊི་ཧེ་གྷ་སེ་ཐེས་ཡུ་རོབ་རྒྱལ་ཁབ་ཁག་གིས་དམག་དོན་འགྲོ་གྲོན་མང་དུ་གཏང་དགོས། ཡུ་རོབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་གཙོ་ཡུ་རོབ་རྒྱལ་ཁབ་ཁག་གིས་ལེན་དགོས་པའི་ནན་སྐུལ་བྱ་འཆར་ཡོད་པ་རེད་ཅེས་བཀྲལ། ༢༠༢༢་ལོའི་ཕྱི་ཟླ་༢་པའི་ཚེས་༢༤་ཉིན་ར་ཤི་ཡས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་ཨ་མི་རི་ཀས་ཡུ་རོབ་ལ་དམག་མི་འབུམ་༡་ལྷག་བཀྲམ། ད་ལྟ་ཨ་རིའི་དམག་དཔུང་དེ་མུ་མཐུད་དུ་འཇོག་རྒྱུ་ཡིན་མིན་ངེས་གཏན་བྲལ།།

ཨ་རིའི་རྒྱལ་སྲུང་དྲུང་ཆེས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཧ་པ་དང་ཧམ་སེམས་ལ་ཚད་ཅིག་མི་འདུག ཁོ་ཚོས་འཛམ་གླིང་ལ་འཛིན་པའི་འདུ་ཤེས་དང་ང་ཚོའི་འདུ་ཤེས་གཉིས་ཐ་དད་རེད། སུ་ལ་དབང་ཤུགས་ཆེ་ན་དེས་དུས་རབས་༢༡་པར་ཁ་ལོ་བསྒྱུར་གྱི་རེད། རྒྱ་ནག་གིས་ལཱ་ཊིན་ཨ་མི་རི་ཀ་དང་ཨ་ཧྥི་རི་ཀར་ཀུན་སློང་ངན་པ་བཅངས་འདུག ཨ་མི་རི་ཀ་དང་མཐུན་གྲོགས་རྒྱལ་ཁབ་ཁག ཨ་རི་དང་ཟླ་གྲོགས་རྒྱལ་ཁབ་ཁག་གིས་སྟོབས་ཤུགས་བསྒྲིལ་དགོས། ཨ་ཧྥི་རི་ཀ་ནི་འཇིགས་སྐུལ་རིང་ལུགས་ལ་འཐབ་རྒོལ་བྱ་ཡུལ་གྱི་དམག་ས་ཞིག་རེད། ང་ཚོས་ཁ་ཆེ་རྒྱལ་ཁམས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོ་ཨ་ཧྥི་རི་ཀར་གཞིས་ཆགས་ནས་ཨ་མི་རི་ཀར་རྒོལ་རྡུང་བྱེད་འཇུག་རྒྱུ་མིན་ཞེས་སོ་མ་ལི་ཡའི་ས་ཐོག་ཏུ་ཨ་རིའི་དམག་མི་༥༠༠་ཡོད་པ་རྣམས་ཕྱི་འཐེན་བྱ་རྒྱུ་མིན་པའི་བརྡ་ཞིག་བཏང་འདུག ཨ་རིའི་དམག་དཔུང་གིས་སོ་མ་ལི་ཡའི་གཞུང་ལ་རྒྱབ་སྐྱོར་དང་ཨལ་ཁེ་དྷ་སྒྲིག་འཛུགས་ལ་འབྲེལ་བ་ཡོད་པའི་ཨལ་ཤཱ་བྷབ་སྒྲིག་འཛུགས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཚོར་འཐབ་རྒོལ་བྱས་ནས་ལོ་འགའ་སོང་།།

སོ་མ་ལི་ཡའི་ས་ཐོག་ཏུ་ཡོད་པའི་ཨལ་ཤཱ་བྷབ་འཇིགས་སྐུལ་ཚོགས་པའི་འཐབ་མོ་བ།
སོ་མ་ལི་ཡའི་ས་ཐོག་ཏུ་ཡོད་པའི་ཨལ་ཤཱ་བྷབ་འཇིགས་སྐུལ་ཚོགས་པའི་འཐབ་མོ་བ།

ཕྱི་ཟླ་༢་པའི་ཚེས་༡༢་ཉིན་ཧྥ་རན་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་རྒྱལ་སྲུང་དྲུང་ཆེས་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གི་རྒྱལ་སྲུང་བློན་ཆེན་ཚོར་ཐུག་འཕྲད་གྲོས་མོལ་བྱེད་ཀྱི་ཡོད་པར་མ་ཟད། གཟའ་པ་སངས་ཉིན་སྲིད་འཛིན་གཞོན་པ་ཇཱེ་ཌི་ཝན་སི་(JD Vance)་ཡིས་འཇར་མན་ཎིའི་མིའུ་ནིག་གྲོང་ཁྱེར་དུ་ཡུཀ་རེན་གྱི་སྲིད་འཛིན་ཛེ་ལན་སི་ཀིར་ཐུག་འཕྲད་བྱ་རྒྱུ་ཡིན་ཞིང་། ནུབ་ཆིངས་ཀྱི་སྤྱི་ཁྱབ་བཀོད་འདོམས་ཁང་ལ་འབྱོར་མ་ཐག་ཏུ་རྒྱལ་སྲུང་དྲུང་ཆེ་ཧེ་གྷ་སེ་ཐེས་ང་ཚོའི་ཆོད་སེམས་གསལ་པོ་ཡིན། ནུབ་ཆིངས་ངེས་པར་དུ་སྟོབས་ཤུགས་ཆེ་རུ་གཏང་དགོས། སྔར་ལས་དྲག་ཤུལ་ཅན་ཞིག་ཏུ་བསྒྱུར་དགོས་པ་ལས་ཕྱི་འབྲེལ་གྱི་མཐུན་ཚོགས་ཤིག་ཏུ་འགྱུར་མི་ཉན། མཐུན་གྲོགས་ཚོས་ཡུལ་དུས་ཀྱི་དགོས་མཁོ་བསྒྲུབ་དགོས་ཞེས་ཨེག་སི་དྲྭ་ཚིགས་སུ་འཕྲིན་ཐུང་ཞིག་སྤེལ། སྲིད་འཛིན་ཊམ་གྱིས་ཨ་མི་རི་ཀ་ཨང་དང་པོར་འཛིན་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་ནས་ཡུ་རོབ་ཀྱི་མཐུན་གྲོགས་རྒྱལ་ཁབ་ཁག་ལ་བློ་འཚབ་བྱུང་།།

འཛམ་གླིང་དམག་ཆེན་གཉིས་པའི་རྗེས་སུ་ཨ་མི་རི་ཀས་ཡུ་རོབ་ནུབ་ཕྱོགས་ཀྱི་དམངས་གཙོའི་རྒྱལ་ཁབ་ཁག་གི་བདེ་འཇགས་སྲུང་སྐྱོབ་ཀྱི་འགན་འཁྲི་བླངས། འདས་པའི་ལོ་མང་རིང་ཡུ་རོབ་རྒྱལ་ཁབ་ཁག་གིས་དམག་དོན་ལ་འགྲོ་གྲོན་མ་བཏང་བར་ཨ་མི་རི་ཀར་བསྙེས། ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་དམག་འཁྲུག་བསླངས་པའི་རྗེས་སུ་ཡུ་རོབ་ཀྱི་བདེ་འཇགས་ལ་སླར་ཡང་ཉེན་ཁ་ཕྲད། ནུབ་ཆིངས་ཀྱི་ཚོགས་འདུར་ཞུགས་ཡོད་པའི་ཡུ་རོབ་ཀྱི་ཕྱི་འབྲེལ་མི་སྣ་ཞིག་གིས་ལོ་འདིའི་ཕྱི་ཟླ་༦་པའི་ནང་ནེ་དྷར་ལན་ཌིར་ནུབ་ཆིངས་ཀྱི་ཚོགས་འདུ་འཚོགས་ཀྱི་ཡོད་པ་རེད། ཨ་རིའི་རྒྱལ་སྲུང་དྲུང་ཆེས་ཌོ་ནལ་ཊམ་གྱི་སྲིད་གཞུང་གི་དགོས་འདུན་ཅི་ཡིན་གསལ་པོ་ཞིག་བཤད་ཐུབ་པའི་རེ་བ་ཡོད། ང་ཚོའི་འགག་རྩ་དེ་རྒྱལ་སྲུང་འགྲོ་གྲོན་མང་དུ་གཏང་དགོས་པ་དེར་ཐུག་ཡོད་པ་རེད། ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱལ་སྲུང་འགྲོ་གྲོན་མང་དུ་གཏང་དགོས་པ་ནི་ཤིན་ཏུ་བདེན། གལ་སྲིད་ཡུ་རོབ་རྒྱལ་ཁབ་ཁག་གིས་རྒྱལ་སྲུང་འགྲོ་གྲོན་མང་དུ་མ་བཏང་ན་མཐར་ཐུག་གི་གྱོང་དེ་ང་ཚོར་རག་གི་རེད་ཅེས་བཤད་འདུག

སྲིད་འཛིན་གྱིས་ཨ་མི་རི་ཀ་ཨང་དང་པོར་འཛིན་པོའི་སྲིད་ཇུས།
སྲིད་འཛིན་གྱིས་ཨ་མི་རི་ཀ་ཨང་དང་པོར་འཛིན་པོའི་སྲིད་ཇུས།

ཌོ་ནལ་ཊམ་གྱིས་འོས་བསྡུའི་དྲིལ་བསྒྲགས་ལས་འགུལ་སྐབས་སུ་ར་ཤི་ཡ་དང་ཡུཀ་རེན་ལ་ཞི་བའི་གྲོས་མོལ་བྱེད་དུ་བཅུག་ནས་དམག་འཁྲུག་མཇུག་བསྒྲིལ་དུ་འཇུག་རྒྱུ་ཡིན་ཞེས་བསྒྲགས། ད་སྔ་ཌོ་ནལ་ཊམ་དང་ཨ་རིའི་གཞུང་གིས་ཡུཀ་རེན་གྱི་དམག་འཁྲུག་མཇུག་སྒྲིལ་གྱི་འཆར་གཞི་ཅི་ཡིན་ཕྱིར་བསྒྲགས་མ་བྱུང་། སྲིད་འཛིན་ཊམ་གྱི་རྒྱལ་སྲུང་སློབ་སྟོན་པ་མེཀ་ཝོལ་ཛི་(Mike Waltz)་ཡིས་ཡུ་རོབ་རྒྱལ་ཁབ་ཁག་གིས་དམག་འཁྲུག་དེའི་འགན་ཁུར་བླངས་ནས་ཐག་གཅོད་བྱ་དགོས་ཞེས་བཤད་པར་བརྟེན། ཇཱོ་བྷ་ཌན་གྱི་གཞུང་གིས་ཡུཀ་རེན་ལ་དམག་དོན་རོགས་དངུལ་སྤྲོད་རྒྱུ་ཐག་བཅད་ཟིན་པ་རྣམས་ཀྱང་སྤྲོད་རྒྱུ་ཡིན་མིན་ཐེ་ཚོམ་གྱི་གནས་སུ་ཟད། ཨ་རིའི་སྲིད་གཞུང་སྔོན་མས་ཡུཀ་རེན་ལ་ཨ་སྒོར་དུང་ཕྱུར་མང་པོ་རོགས་རམ་སྤྲད། ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་ཨ་མི་རི་ཀ་ལས་ལྷག་པའི་ཡུཀ་རེན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་ཟེར། དབྱིན་ཇི་སོགས་ཀྱིས་ཡུཀ་རེན་ལ་དམག་དོན་རོགས་དངུལ་གསར་པ་སྤྲོད་རྒྱུའི་ཁས་ལེན་བྱས་འདུག

ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་མར་ཁེ་རུ་ཐེ།
ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་མར་ཁེ་རུ་ཐེ།

ནུབ་ཆིངས་ལ་ཚོགས་འཐུས་རྒྱལ་ཁབ་༣༢་ཡོད་པ་དེའི་ཚོགས་འཐུས་རྒྱལ་ཁབ་༢༣་ཀྱིས་རྒྱལ་ཡོངས་ཐོན་སྐྱེད་རྩ་འབོར་གྱི་བརྒྱ་ཆ་གཉིས་དམག་དོན་ལ་འགྲོ་གྲོན་གཏོང་ཐུབ་ཀྱི་ཡོད་ཀྱང་རྒྱལ་ཁབ་༩་ཡིས་མ་གྲུབ། ཨ་མི་རི་ཀས་ནུབ་ཆིངས་ཀྱི་ཚོགས་འཐུས་རྒྱལ་ཁབ་ཁག་གིས་རྒྱལ་ཡོངས་ཐོན་སྐྱེད་རྩ་འབོར་གྱི་བརྒྱ་ཆ་༥་དམག་དོན་ལ་འགྲོ་གྲོན་གཏང་དགོས་ཞེས་བསྐུལ། ནུབ་ཆིངས་ཀྱི་སྤྱི་ཁྱབ་དྲུང་ཆེ་མར་ཁེ་རུ་ཐེས་(Mark Rutte)་ཡུ་རོབ་རྒྱལ་ཁབ་མང་ཆེ་བས་རྒྱལ་ཡོངས་ཐོན་སྐྱེད་རྩ་འབོར་གྱི་བརྒྱ་ཆ་༥་དམག་དོན་ལ་འགྲོ་གྲོན་གཏོང་ཐུབ་ས་རེད། ར་ཤི་ཡས་ཁྱིམ་མཚེས་རྒྱལ་ཁབ་ཡུཀ་རེན་ལ་བཙན་འཛུལ་བྱས་ནས་བསྐྱར་དུ་ཡུ་རོབ་གླིང་དུ་དམག་འཁྲུག་ལངས་པ་རེད། ཕུ་ཊིན་གྱིས་ཡུཀ་རེན་ལ་བཙན་འཛུལ་བྱས་པ་གཅིག་པུས་མ་ཚིམས་པར་བྷོལ་ཊིཀ་མངའ་ཁུལ་གྱི་རྒྱལ་ཁབ་ཁག་དང་ཤར་ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ལའང་བཙན་འཛུལ་བྱས་ནས་ཨུ་རུ་སུ་དམར་ཤོག་གི་བཙན་རྒྱལ་སླར་གསོ་བྱ་རྒྱུའི་ཀུན་སློང་བཅངས་འདུག་ཅེས་བཤད་དོ།།

གླེང་སྟེགས།

XS
SM
MD
LG